收录于话题
#圣地人物志
60个内容
འབྲིང་བ་བཀྲ་ཤིས་དོན་གྲུབ།
སྨན་ཐང་ལུགས་ཀྱི་རྒྱུད་འཛིན་པ།༡༩༨༧ལོར་རྨ་ཆུའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སྒོ་ཐེམ་འགྲིམ་རྗེས། ༢༠༡༣ལོར་འགྲོ་ཕྱོགས་ཙམ་གྱིས་གཞུང་ཞབས་ཀྱི་ལས་ཀར་ཞུགས། ༢༠༡༤ལོར་རང་དབང་གི་འཚོ་བ་ཞིག་གམ་ཡང་ན་དགའ་ཕྱོགས་ཀྱི་དབང་གིས་དབུས་སུ་སོང་ནས་ཁ་དོག་བསྟན་པ་རབ་བརྟན་མཆོག་མགོན་གྱི་བླ་མར་བསྟེན་ནས་ལོ་ངོ་བདུན་ཙམ་གྱི་རིང་ལ་སྨན་ལུགས་ཀྱི་ཐང་གར་སློབ་གཉེར་གང་ནུས་བྱས། ༢༠༡༩ལོར་མཐར་ཕྱིན་འབྲས་རྟགས་སུ་༼དགའ་ལྷན་ལྷ་བརྒྱ་མ་༽ཕུལ་ཏེ་མཐར་ཕྱིན་པའི་བཟོ་བྱས། ༢༠༢༡ལོར་རྨ་བྱ་རྟགས་མའི་རྒྱལ་ཡོངས་མཛེས་རྩལ་འགྲན་སྡུར་ཁྲོད་གསེར་གྱི་བྱ་དགའ་ཐོབ། ༢༠༢༡ལོར་༼འབྲོག་གི་རྟེན་གཞི་༽ཞེས་པའི་བརྩམས་ཆོས་དེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་ལ་གཟིགས་རྟེན་དུ་ཕུལ། ད་ལྟ་རང་ཁྱིམ་དུ་སློབ་བུ་ཁ་ཤས་དང་མཉམ་པོར་ཅི་འཁྱོངས་ལ་འབད་པའི་ཚུལ་གྱིས་ཡོད། ངས་ནི་ནམ་ཡང་བག་ལྷོད་ཀྱི་འཚོ་བ་ཞིག་ཞོགས་པའི་ཉི་ཤར་དང་མཚུངས་པར་བསླེབ་རྒྱུ་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད།
བཅར་འདྲི་བྱ་ཡུལ། འབྲིང་བ་བཀྲ་ཤིས་དོན་གྲུབ། འདྲ་པར་མཁོ་སྤྲོད་པ། འབྲིང་བ་བཀྲ་ཤིས་དོན་གྲུབ།བཅར་འདྲི་རྩོམ་འབྲི་བ། ཕུར་སྲུང་སྐྱབས།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོ་ཆ་ཚང་།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།དུས་ནམ་ཞིག་ནས་བཟུང་རི་མོ་འབྲི་བའི་མགོ་བརྩམས་པ།ངས་རི་མོ་འབྲི་བའི་དུས་ཚོད་ནི་ཅུང་སྔ་བོ་ཆགས་ཡོད། རྒྱུ་མཚན་ངེད་ཚང་གི་ཁྱིམ་ཚང་སློབ་གསོ་དང་འབྲེལ་བ་ཡོད་ལ། ང་རང་ལོ་ཆུང་ཡིན་དུས་ཨ་ཕ་དང་ཨ་ཁུ་གཉིས་རི་མོ་འབྲི་རྒྱུར་འགྲན་བསྡུར་བྱེད་པར་ཧ་ཅང་དགའ། ཨ་ཕས་རི་མོ་བྲིས་ཚར་རྗེས་ཨ་ཁུ་ལ་སྟེར་བ་དང་ཨ་ཁུས་བྲིས་ཚར་རྗེས་ཨ་ཕ་ལ་སྟེར། དཔེར་ན། ཨ་ཕས་གླིང་འབྲུག་མོ་བྲིས་ན་ཨ་ཁུས་ཕྱིར་གླིང་གེ་སེར་འབྲི། རེ་ཞིག་ང་ནི་ཁོ་གཉིས་ཀྱི་རི་མོ་ཕར་བསྐྱེལ་ཚུར་ལེན་བྱེད་མཁན་གྱི་ཕོ་ཉ་ལྟ་བུར་གྱུར།ང་རང་བྱིས་པ་ཡིན་དུས་དེང་སྐབས་དང་མི་འདྲ་བར་བརྙན་འཕྲིན་སོགས་མེད་པའི་རྐྱེན་གྱིས་ཨ་ཕ་དང་ཨ་ཁུ་གཉིས་ཀྱི་རི་མོ་མཐོང་ན་ཧ་ཅང་ཡག་གི་བསམ་པའི་མཚར་སྣང་དང་བག་ཆགས་ཟབ་མོ་ཞིག་ཡིད་ལ་བཞག་མྱོངས།སློབ་ཆུང་སྐབས་སུ་རི་མོ་མང་བོ་བྲིས་མ་མྱོང་ལ་རི་མོ་འབྲི་བའི་དུས་ཚོད་མང་ཤོས་ནི་སློབ་འབྲིང་གི་སྐབས་སུ་ཡིན། སློབ་འབྲིང་སྐབས་སུ་བྱིས་དུས་དང་བསྡུར་ན་གང་ལ་གང་འཚམས་རང་ཉིད་ཀྱི་འདོད་པ་ནང་བཞིན་རི་མོ་མང་པོ་བྲིས་པ་ཡིན། སློབ་གྲོགས་མང་པོ་ཞིག་གིས་ཀྱང་བྲིས་པ་ཡག་གི་ཟེར་ནས་བསྟོད་མཁན་འགའ་ཤས་བྱུང་བ་དང་བསྟུན་ནས་རི་མོ་འབྲི་འདོད་ཀྱི་འདུན་པ་སྔར་ལས་ཇེ་ཆེར་གྱུར། སྐབས་འགར་དགོང་མོ་ཞགས་སྒྲོན་འོག་ནས་དུས་ཚོད་མང་པོ་སྤྱད་དེ་བྲིས་པའང་ཡོད། རྗེས་ནས་རིམ་བཞིན་སློབ་ཆེན་འགྲིམས་དུས་དེ་ཙམ་མང་པོ་མ་བྲིས་པ་འདྲ།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།གཞུང་ཞབས་པའི་ལས་ཀ་བསྐྱུར་ནས་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་འཛིན་བྱེད་པའི་འདུན་པ།
རང་ཉིད་སློབ་གྲྭའི་ནང་ན་ཡོད་དུས་དགེ་རྒན་གྱི་བྱ་བ་དེ་ཧ་ཅང་རླབས་ཆེན་དང་སྤྲོ་སྣང་ཡོད་པ་ཞིག་རེད་བསམ། དེའི་རྐྱེན་གྱིས་རང་གིས་ཀྱང་སློབ་གསོའི་ལས་ཀ་དེ་འདྲ་བསྒྲུབ་ཐུབ་ན་བསམ་ཡོད། སློབ་གྲྭ་ནས་མཐར་ཕྱིན་རྗེས་སྤྱི་བདེ་ཅུའུ་རུ་ལས་བགོས་བྱས་ནས་ལོ་གཅིག་གི་རིང་བྱ་བ་བསྒྲུབས། ཡིན་ནའང་འཚོ་བའི་བཀག་རྒྱ་དང་རང་ཉིད་ཀྱི་འདོད་མོས་སུ་མ་སོང་སྟབས་ལོ་ཕྱེད་ཀྱི་རྗེས་སུ་བྱ་བ་བསྐྱུར་ནས་རང་དབང་དང་དགའ་མོས་བྱེད་པའི་འཚོ་བར་སྙེག་འདོད་ཀྱི་སེམས་ཐག་བཅད། ཡིན་ནའང་ཕ་མ་གཙོར་བྱས་པའི་གཉེན་ཉེ་དག་གིས་སྒོར་མོ་མང་བོ་འགྲོ་སོང་ལ་བཏང་ནས་ད་རག་བར་དུ་སློབ་གྲྭ་འགྲིམས་པའི་དོན་སྒོ་ནི་རྒྱལ་ཁབ་ཀྱི་བྱ་བར་རྒྱུགས་འཕྲོད་ན་ཡག་པོ་རེད་བསམ་ཀྱིན་ཡོད་མོད། ངས་ནི་དེ་འདྲ་འདོད་ཀྱིན་མེད་པས་སྐབས་ཁ་ཤས་ནས་འགལ་ཟླ་མང་བོ་ཡོང་གི་ཡོད།
ཡིན་ནའང་རང་ཉིད་ཀྱི་མུ་མཐུད་དུ་འཚོ་བ་རོལ་དགོས་པའི་རྐྱེན་གྱིས་དེར་དཔལ་འབྱོར་གྱི་ཡོངས་ཁུངས་དང་རྒྱབ་རྟེན་ཞིག་དགོས་ལ། དེ་དག་མེད་ན་རང་དབང་གི་འཚོ་བར་སྤྲོ་བ་ཡོད་ཞེས་བཤད་པ་ཙམ་གྱིས་མི་ཆོག་པར་ལས་རིགས་གཞན་ཞིག་གཉེར་བར་བསམ་བློ་བཏང་བ་ཡིན། ༢༠༡༣ལོར་གཞུང་ཞབས་པའི་བྱ་བ་བསྐྱུར་ནས་རི་མོ་འབྲི་རྒྱུ་ཐག་བཅད་པ་ཡིན། རི་མོ་བྲིས་ན་དཔལ་འབྱོར་གྱི་ཡོངས་ཁུངས་རེ་བཙལ་ཐུབ་པ་དང་རང་ཉིད་དགའ་སའི་འཚོ་བར་རམ་འདེགས་ཡང་བྱེད་ཐུབ་ལ་འདམ་ཀ་དེའང་ཕུན་སུམ་ཚོགས་པ་ཞིག་རེད་བསམ་ནས་རི་མོ་དང་ཐང་ག་ཆེད་སྦྱོང་བྱེད་པའི་མགོ་བཙུགས་པ་ཡིན།
ང་རང་ལྷ་སར་སོང་ནས་ལོ་ངོ་བདུན་ཙམ་གྱི་རིང་དུ་དགེ་རྒན་བསྟན་པ་རབ་བརྟན་ལགས་ཀྱི་མདུན་ནས་རི་མོོ་སྦྱངས་པ་ཡིན། ད་ལྟ་མཐར་ཕྱིན་ནས་ཕྱིར་ཕ་ཡུལ་དུ་ཡོང་ནས་སློབ་མ་བསྐྱངས་ཞོར་དུ་གང་ཐུབ་ཅི་ཐུབ་ཀྱིས་རི་མོ་འབྲི་སྦྱངས་བྱས་ནས་བསྡད་ཡོད།༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽ཞེས་པའི་ཐང་ག་འདི་སྲོལ་རྒྱུན་གྱི་ཐང་ག་དང་ནུབ་ཕྱོགས་ཀྱི་སྣུམ་ཚོན་རི་མོ་སོགས་ཀྱི་འབྲི་སྟངས་དང་མ་འདྲ་བར་རི་མོའི་ངོས་སུ་སྟོང་ཆ་མང་པོ་ཞིག་ཡོད། འདི་ལྟར་འབྲི་དོན་གྱི་ཚོར་བ་དང་ཀུན་སློང་ཅི་ལྟར་བྱུང་བ་ཡིན།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽ཞེས་པའི་རི་མོ་འདི་མ་བྲིས་པའི་ཡར་སྔོན་ལ་རྨ་ཆུ་རྫོང་ལ་༼རྨ་ཁུག་དང་པོའི་རི་མོ་༽ཞེས་པ་ཞིག་བྲིས་མྱོངས། དེའི་སྟེང་དུ་དཔལ་མགོན་དང་བདུད་བྷེ་སོགས་བྲིས་ཡོད་ལ་དྲྭ་ལམ་ན་ཁྱབ་བཞིན་པའི་རི་མོ་དེ་རེད།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽ཞེས་པའི་རི་མོ་འདིའི་འབྲི་སྲོལ་ང་རང་གི་ཆེས་ཐོག་མའི་ཚོར་བ་རྙེད་ས་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཀྱི་ལྷོ་བྲག་བསྟན་འཛིན་ནོར་བུ་དང་ལྷ་ས་བ་དགེ་བསྙེན་གཉིས་ཀྱིས་བྲིས་པའི་གསོ་རིག་སྨན་ཐང་བརྒྱད་ཅུ་ཡིན་ལ། སྨན་ཐང་འདིའི་འབྲི་སྲོལ་གྱི་ཁྱད་ཆོད་ནི་ནང་དོན་གྱི་ཆ་གཙོ་བོར་བྲིས་ཏེ་གཞན་ཚང་མ་སྟོང་ཆར་བཞག་ཡོད།
ང་རང་ཉིད་ལ་མཚོན་ན་འབྲི་སྲོལ་འདི་ང་རང་གིས་ཆེས་ཐོག་མར་གསར་གཏོད་བྱས་པ་མ་ཡིན་པར་སྔོན་ཆད་ནས་འདིའི་སྐོར་བྲིས་པ་མང་པོ་ཡོད་པར་བསམ། རྗེས་ནས་འབྲི་སྲོལ་འདི་གཏན་འཁེལ་བྱེད་པའི་དམིགས་ཡུལ་ནི་འབྲི་སྲོལ་འདི་ལྟར་བྲིས་ན་དོ་བཞག་གི་མིའི་མཛེས་དཔྱོད་ཀྱི་ལྟ་བ་དང་མཐུན་ལ་ཁོ་ཚོའི་མིག་ལམ་དུའང་ཡག་ངེས་བསམ་ནས་གཏན་འཁེལ་བྱས་པ་ཡིན།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།
ནོར་གནག་བརྗོད་བྱ་གཙོ་བོར་བཟུང་ནས་༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང༽་ཞེས་པའི་ཐང་ག་འདི་འདྲ་ཞིག་འབྲི་དོན།ནོར་གནག་བརྗོད་བྱ་གཙོ་བོར་བཟུང་ནས་༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང༽་ཞེས་པའི་ཐང་ག་འབྲི་དོན་ནི་ང་ནི་ཆུང་དུས་ནས་འབྲི་མོའི་འོ་ཞོ་རྐྱང་རྐྱང་འཐུངས་ནས་ནར་སོན་པའི་མི་ཞིག་ཡིན་པའི་ཆ་ནས་ནོར་གནག་ལ་གཞན་དང་མ་འདྲ་བའི་དུངས་བ་ཟབ་མོ་ཞིག་ཡོད། “ཆུང་དུས་ནས་འབྲི་མོའི་འོ་ཞོ་རྐྱང་རྐྱང་འཐུངས་ནས་ནར་སོན་པའི་མི་ཞིག་ཡིན”་ཞེས་པའི་སྐད་ཆ་འདི་སྔོན་ཆད་སྐད་ཆ་སྤྱིར་བཏང་བ་ཞིག་ཡིན་མོད། འོན་ཀྱང་དེང་སང་རྫས་འགྱུར་མང་པོ་བསྲེས་པའི་འོ་མ་དང་འོ་ཕྱེ་འཐུངས་ནས་ནར་སོན་པའི་བོད་ཕྲུག་ཚོ་ལ་མཚོན་ན་སྐད་ཆ་འདི་ལ་ཡང་བཤད་རིན་ཡོད་པར་བསམ།ངེད་ཚང་ལ་མཚོན་ན་རྟ་མང་པོ་མེད་པས་བཞོན་པ་གཡག་རེད། ང་ལྷ་སར་རི་མོ་སྦྱོང་དུ་སོང་བ་དང་སློབ་གྲྭ་འགྲིམས་པ་སོགས་ལོ་བརྒྱད་དགུ་ཞིག་འགོར་ནས་ང་རང་ཕྱིར་ཕ་ཡུལ་དུ་ཡོང་ནས་འབྲོག་ཁུལ་དུ་སོང་ནས་ནོར་གནག་གི་ལྕི་བའི་དྲི་མ་སོགས་སྣ་ལམ་དུ་ཐུལ་ན་བྱིས་པའི་འདས་དོན་མང་པོ་ཞིག་ཕྱིར་དྲན་བྱེད་དུ་འཇུག་ལ། རང་གི་ལུས་སེམས་ལ་ཡང་བདེ་བ་ཐོབ་པའི་ཚོར་བ་ཞིག་བྱིན། ཐེངས་ཤིག་ལ་ངས་ཨ་ཅེར་རོགས་བྱས་ནས་ཡ་རུ་རྡང་དུ་འདོགས་དུས། ཡ་རུའི་སྟེང་ནས་ནོར་གནག་གི་གཞན་དང་མི་འདྲ་བའི་དྲི་མ་ཁྱད་པར་བ་དེ་སྣ་ལམ་དུ་ཐུལ་དུས་ལོ་ངོ་དུ་མ་ཞིག་ལ་མ་འཕྲད་པའི་རང་གི་གཉེན་ཉེ་ཞིག་དང་འཕྲད་པའི་ཚོར་བ་བྱིན། ང་རང་ཡ་རུ་ལ་འབྱར་ནས་ངུས་མྱོང་། ད་ལྟ་ཡིན་ནའང་ང་རང་ནོར་གནག་ལ་དུངས་བ་ཟབ་མོ་ཞིག་ཡོད།བོད་ཁ་བ་ཅན་ལ་མཚོན་ན་ནོར་གནག་ལས་ལྷག་པའི་རིན་པོ་ཆེ་ཞིག་མེད་པར་བསམ། བོད་ཀྱི་རིག་གནས་ཞེས་གླེང་དུས་ནོར་གནག་དང་འབྲོང་ནི་ངེས་པར་དུ་གླེང་དགོས་པ་ཞིག་རེད། དཔེར་ན་ས་རྟགས་གཅིག་པུ་ལ་མཚོན་ནས་བཤད་ན། རྨ་སྟོད་ཀྱི་འབྲི་རུ་རྫོང་དང་འབྲི་ཆུ། རྨ་ཆུའི་འབྲོང་གི་རྫ་རྒན་ཕྱུག་མོ། རྩོམ་རིགས་ཀྱི་ནང་དུ་ཡང་དོན་གྲུབ་རྒྱལ་གྱི་༼འབྲོང་སྟག་ཐང་༽ལྟ་བུ་ལ་སོགས་པ་འབྲོང་དང་ནོར་གནག་དང་མ་འབྲེལ་བ་གཅིག་ཀྱང་མེད།ནོར་གནག་གི་མགོ་ར་རྩེ་མན་ཆད་ནས་རྐང་སུག་བཞི་ཡན་ཆད་བོད་ཀྱི་འཚོ་བའི་ནང་དུ་བཀོལ་སྤྱོད་མི་བྱེད་པའི་ཡོ་བྱད་ཅིག་མེད་ལ། བོད་ཁ་བ་ཅན་གྱི་རིག་གནས་ཐམས་ཅད་ནོར་གནག་དང་འབྲེལ་བ་ཡོད། ནོར་ནི་རིན་པོ་ཆེ་ཡིན་པའི་ཆ་ནས་མིང་ལའང་ནོར་གནག་ཅེས་བཏགས།སྔོན་ཆད་ང་ཚོས་འབྲོང་མགོའི་ཀླད་པས་གཞོང་བ་བྱས་པ་དང་འབྲོང་རྩིད་ཀྱིས་སྦྲ་ནག་ཕུབ་པ། འབྲོང་སྙིང་གིས་སྨན་སྡེབ་རྒྱུ། འབྲོང་ཀོས་འབྲེང་ཐག་བཟོ་བ། འབྲོང་གི་རྔ་མས་བ་དན་བཟོ་བ་སོགས་དེ་དང་དེ་བཞིན་གྱི་འབྲོང་འདི་བོད་ཁ་བ་ཅན་གྱི་འཚོ་བ་དང་འབྲེལ་བ་དམ་པོར་གནས་ཡོད།
ང་རང་གིས་ཀྱང་སྔོན་ཆད་ནས་བཟུང་ནོར་གནག་དང་འབྲེལ་བ་ཡོད་པའི་རི་མོ་ཞིག་བྲི་བསམ་ཡོད་ཀྱང་རང་ཉིད་ལ་དཔལ་འབྱོར་དང་ཆ་རྐྱེན་མ་འཛོམས་པས་འབྲི་མ་ཐུབ། ད་ཐེངས་སྦྱིན་བདག་ཡོད་པས་དཔལ་འབྱོར་དང་སྒོར་མོའི་རྒྱབ་སྐྱོར་འོག་ནས་ཐང་ག་འདི་བདེ་བླགས་ངང་ནས་འབྲི་ཐུབ་པ་བྱུང་། སྤྱིར་ནོར་གནག་གི་ལོ་རྒྱུས་འདི་ཐང་ག་སྨི་སྟོང་ཅན་ཞིག་བྲིས་ནའང་འབྲི་རྒྱུ་ཡོད་ལ། དཔེར་ན། བསྐལ་བ་ཡ་ཐོག་སྐབས་ཀྱི་འབྲོང་རྒོད་སྒོ་ཟོག་ལ་བཏུལ་བའི་སྐབས་ཀྱི་ལོ་རྒྱུས་དང་ནང་གསེས་ཀྱི་བེའུ་གཅིག་པོའི་སྐོར་སྨི་བརྒྱ་ཕྲག་ཅན་ཞིག་བྲིས་ནའང་མི་ཚར་བ། སྲིད་པའི་དབལ་འབྲོང་དཀར་པོའི་ལྷ་སྒྲུང་གཅིག་པུ་བྲིས་ནའང་འབྲི་རྒྱུ་མང་གི ངས་ད་ཐེངས་བྲིས་པའི་༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང༽་ཞེས་པའི་ཐང་ག་འདི་ནི་དེ་དག་གི་ནང་གསེས་གྲུབ་ཆ་ཞིག་ཡིན་ལ། ནོར་གནག་གི་རིག་གནས་ཐམས་ཅད་ཐང་ག་འདིའི་ནང་དུ་འབྲི་རྒྱུ་ཧ་ཅང་དཀའ་མོ་རེད། ད་ཐེངས་ཐང་ག་འདིར་ནོར་གནག་གི་རིག་གནས་ཀྱི་ཕྱོགས་ཙམ་ཉུང་བསྡུས་བྱས་དེ་བྲིས་པ་ཙམ་ཡིན།སྔོན་བྱོན་མཁས་པ་མང་པོའི་ནོར་གནག་དང་འབྲེལ་བ་ཡོད་པའི་བསྟོད་རྩོམ་མང་པོ་བྲིས་ཡོད་པ། དཔེར་ན།རབ་བརྗིད་ཨིནྡྲ་ནཱི་ལའི་རི་བོ་བཞིན།།དྲག་པོའི་ངར་སྒྲ་བསྒྲགས་པས་རི་རབ་ཀྱང་།།ལིང་ལིང་འདར་བྱེད་རྣོ་བའི་རྭ་རྩེ་ཅན།།སྟོབས་ཀྱིས་སྒྲ་འཇོམས་གཡག་རོག་ཞོལ་ཆེན་འདིས།། ལྟ་བུ།དེ་མ་ཡིན་པ་འགྲོ་མགོན་འཕགས་པའི་ལྷ་གཡག་ལ་བསྟོད་པ་དང་ཉེ་རབས་ཀྱི་མཁས་དབང་ཨ་ལགས་དོར་ཞི་རིན་པོ་ཆེ་ཚང་གིས་བྲིས་པའི་ནོར་གནག་གི་བསྟོད་པ། སྲུང་མའི་སྐང་བཤགས་ནང་དུ་ཡང་ནོར་གནག་ལ་བསྟོད་པའི་ཚིག་ཡག་པོ་ཡོད་པ། ང་ཚོས་འདི་ཐམས་ཅད་པོ་ཐང་གའི་ནང་དུ་བྲིས་ནའང་བྲིས་མི་ཚར་བའི་ཧ་ཅང་ཕུན་སུམ་ཚོགས་པ།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།
ཐང་ག་དང་རི་མོ་གཞན་བར་གྱི་ཁྱད་པར།
སྤྱིར་ཞིབ་ཕྲའི་སྒོ་ནས་བཤད་ན་ཐང་ག་དང་རི་མོ་གཞན་བར་རྒྱུ་ཆ་དང་འབྲི་སྲོལ་མ་ཟད་འབྲི་སའི་ཤོག་བུ་དང་རས་སོགས་ཀྱི་སྟེང་ནས་ཁྱད་པར་མང་པོ་ཡོད་ཀྱང་། ང་རང་ཉིད་ཀྱི་དྲན་ཚུལ་ནི་ཐང་གའི་ངོས་སུ་བྲིས་པའི་རི་མོ་དེའི་རྒྱབ་ལྗོངས་རིག་གནས་དང་གཞན་འཁྲུངས་རབས་སོགས་ཀྱི་འདས་མ་ད་གསུམ་སོགས་ནང་དོན་ལ་ཚད་བགག་མེད་པར་འབྲི་ཆོག་པ་འདི་ཁྱད་ཆོས་གཅིག་རེད་བསམ་ཀི ཐང་གའི་ནང་དུ་བོད་རང་གི་རིག་གནས་ཆེ་ཆུང་བཅུ་བོ་མ་འདུས་པ་མེད་པ་དང་། མི་རིགས་གཞན་དང་ཕ་རོལ་ལ་ཐང་ག་ངོ་སྤྲོད་བྱེད་དུས་གསལ་བོ་ངོ་སྤྲོད་བྱེད་པ་གཙོ་བོ་རེད། སྔོན་ཆད་ཡིན་ན་ཐང་ག་བཤད་དུས་ཚང་མས་ཆོས་ལུགས་ལ་རམ་འདེགས་བྱེད་ཆེད་ཀྱི་རི་མོ་ལ་གོ་བཞིན་པ་དང་ཀླད་པའི་ནང་དུ་ལྷ་སྐུ་དང་སྐུ་འདྲ་མང་པོས་གྲུབ་པའི་འདུ་ཤེས་སམ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ང་རང་གིས་བལྟས་ན་འདི་ནི་ནོར་འཁྲུལ་ཞིག་རེད། ཐང་གའི་ནང་དུ་བོད་ཀྱི་ལོ་རྒྱུས་དང་སྐར་རྩིས། གསོ་རིག་སོགས་བོད་རང་གི་རིག་གནས་མ་འདུས་པ་གཅིག་མེད་ལ། ཆོས་ལུགས་ཀྱི་རི་མོ་རྐྱང་རྐྱང་མ་ཡིན་པར་བོད་རང་གི་རིག་གནས་སྣ་མང་རང་བཞིན་ཅན་ཞིག་ཡིན་པ་འདི་ཡང་བོད་རང་གི་ཐང་ག་འབྲི་མཁན་དག་གིས་ཀྱང་མི་རིགས་གཞན་པར་ངོ་སྤྲོད་བྱ་དུས་ཐང་གའི་རི་མོ་དང་རི་མོ་གཉིས་ཀྱི་དབྱེ་བ་འབྱེད་ཤེས་རྒྱུ་གལ་ཆེ།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།
ཐང་ག་ཞིག་བཞེངས་བའི་འབྲི་རིམ་ཁྲོད་གཙོ་བོ་ཕྱོགས་གང་གནད་ལ་བཟུང་ན་ཐང་ག་ཡག་པོ་ཞིག་བཞེངས་ཐུབ།སྤྱིར་ཐང་ག་ཞིག་བཞེངས་ན་གཙོ་བོ་ཐོག་མའི་སྐྱ་རིས་དང་ཚོན་མདངས། གསེར་བྲིས། ཞིབ་ཚགས་བར་དུ་གཙོ་གལ་མ་ཆེ་བ་གཅིག་ཀྱང་མེད་མོད། འོན་ཀྱང་དེ་དག་ལས་ཆེས་གཙོ་གལ་ཆེ་བ་ནི་སྐྱ་རིས་དང་ཞིབ་ཚེགས་གཉིས་ཡིན་པར་འདོད། སྐྱ་རིས་ལ་དབྱེ་ན་ཐང་ག་སྤྱིའི་བཀོད་པ་རྒྱག་སྟངས་དང་སྐུའི་ཉམས་འགྱུར་བཅས་ཕྱོགས་གཉིས་ཡོད། དེའི་འཕྲོ་ནས་མཇུག་མཐའི་ཞིབ་ཚགས་ཀྱི་རིམ་པ་འདི་གཙོ་གནད་དུ་བཟུང་ནས་བོད་རང་གི་མཛེས་དཔྱོད་ཀྱི་ལྟ་བ་དང་མཐུན་པའི་ཚོན་གྱི་དགྲ་གྲོགས་འགྲོ་སྟངས་སོགས་འགྲིག་སོང་ན་ཐང་ག་ཡག་པོ་ཞིག་འབྲི་ཐུབ་པར་བསམ། ཐང་གའི་འབྲི་ལུགས་ལ་ཡང་མང་པོ་ཞིག་ཡོད་དེ་བྱེའུ་སྒང་ལུགས་དང་སྨན་ལུགས། མཁྱེན་ལུགས་དང་སྒར་བྲིས་སོགས་སྲོལ་འབྱེད་མཁན་དག་རང་རང་གི་འཇིག་རྟེན་ལྟ་གྲུབ་དང་མཛེས་དཔྱོད་ཀྱི་ལྟ་བ་སོགས་མི་འདྲ་བའི་རྐྱེན་གྱིས་ཚོན་གྱི་སྒྲིག་སྟངས་དང་རི་ཆུ་ནག་གསུམ་གྱི་བཀོད་པ་སོགས་མི་འདྲ་བས་འདི་མཛེས་པ་དང་གཞན་པ་མི་མཛེས་ཟེར་རྒྱུ་དཀའ་མོ་རེད། དཔེར་ན་འབྲི་ལུགས་ལ་ལས་སྐུའི་ན་བཟའི་སྟེང་གི་གསེར་བྲིས་རི་མོ་འདི་གོས་རིས་སུ་ངོས་འཛིན་བྱེད་ཀྱིན་ཡོད། ཡང་འབྲི་ལུགས་ལ་ལས་ན་བཟའི་སྟེང་གི་གསེར་བྲིས་རི་མོ་འདི་མཆོད་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་ལྟ་བུ་རེད།
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།ནོར་གནག་གམ་ནོར་ནག་རིག་གནས་དང་འབྲེལ་བའི་ཐང་ག་རྨིད་བཅུ་དེ་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་ན།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་(གནས་བརྟན་སྤྱན་དྲངས་པ་)ལས། གངས་ཅན་གྱི་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་། གཡག་གི་རྨིག་པས་རྡོ་བཅག་སོགས་བྱུང་ལ་ཞེས་པ་བཞིན་རྡོ་ཆས་གསར་རྙིང་གི་དུས་རབས་ནས་བཟུང་སྟེ་མདོ་དབུས་མཐོ་སྒང་གི་མི་རིགས་འདིས་རྒོད་གཡུང་དུ་བཏུལ་ནས་འཚོ་འཚིས་ཀྱི་གནས་ཁྱིམ་ཆེན་པོ་བསྐྲུན། འབྲོག་པ་ཚོ་འབྲོང་རྒོད་ཀྱི་རྭ་ལ་འཇུས་ཏེ་སྙིང་ཤ་མ་ལྷོད་པས་འབྲོང་ཀོ་སྦྲ་རུ་ཕུབ། འབྲོང་བེའུ་བརྐུས་བརྒྱུད་ཀྱིས་སྒོ་ཕྱུགས་བརྟེན།འབྲོང་རྭ་འོ་ཟེའུ་བྱས། འབྲོང་སྙིང་ལོ་ནུར་སྤྲད་པས་དཔའ་བོར་བཏམས། མདོར་ན་རི་དྭགས་ཤིག་སྲུན་དུ་བཏུལ་བའི་དུས་རབས་དང་ལོ་རབས་མང་པོའི་རྒྱུད་རིམ་གྱི་སྐྱེ་འཕེལ་ཁྲོད་དུ་གངས་དང་ཆབ་རོམ་གྱི་འཛམ་གླིང་གི་སྣེ་གསུམ་པ་ཞེས་པའི་མིང་བཏགས་པ་ལ་གནས་བཅས་སོ། བཀའ་ཆེམས་ཀ་ཁོལ་མ་ལས“འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤྭ་བ་ཕོ་མོ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་རར་བཏུལ། རྐྱང་ཕོ་མོ་རྟར་བཏུལ། སྤྱང་ཀི་ཕོ་མོ་ཁྱིར་བཏུལ། རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས” ་ཞེས་པའི་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ་དེ་ནོར་ནག་ནི་འཚོ་བའི་མཐུན་རྐྱེན་དུ་བཅས་པའི་མཚོ་བོད་མཐོ་སྒང་གི་འབྲོག་པ་ཚོས་ནོར་ནག་ལ་ནོར་བུ་ནག་པོ་ཞེས་དོན་གྱི་མིང་ནས་འབོད་དགོས་པའི་རྒྱུ་མཚན་ནི་མགོ་རྭ་རྩེ་མན་ཆད་དང་སུག་རྨིག་རྩེ་ཡན་ཆད་ཚང་མ་བཀོལ་སྤྱོད་དང་ཐོན་ཁུངས་མ་ཡིན་པ་ཞིག་མེད་པའི་དབང་གིས་བློ་གྲོས་ཀྱི་རྩལ་དང་མྱོངས་པ་དངོས་བརྒྱུད་ཀྱི་ཤེས་རིག་ཅིག་གྲུབ་པས་རྒྱུ་མཚན་ནོ། དཔེར་ན། འབྲོང་མགོའི་ཀླད་རུས་གཞོང་བ་བྱས། འབྲོང་རྩིད་སྦྲ་རུ་བྱས། འབྲོང་སྙིང་སྨན་དུ་བསྡེབས། འབྲོང་ཀོས་འབྲེང་ཐག་བཟོས། འབྲོང་རྔ་བ་དན་དུ་བཙུགས་པ་སོགས་བོད་ཀྱི་འཚོ་བ་ཤེས་རིག་གིས་ཕྱུག
༼སྲིད་པའི་དབལ་འབྲོང་གསལ་བའི་མེ་ལོང་༽གི་རི་མོའི་ཆ་ཤས།རིག་གནས་ཤིག་གྲུབ་པའི་སྔོ་ཐོགས་པ་ནས་བཟུང་བོད་ཀྱི་འཚོ་བ་གླེང་དུས་འབྲི་གཡག་གཉིས་མ་གླེང་ཐབས་མེད་ཀྱི་གཤིས་སུ་གྲུབ་འདུག་ཏེ། གདོད་མའི་འབྲོང་མགོའི་ལབ་རྩེ་ནས་འབྲོང་ལོ་རྩེད་ཅེས་པའི་སྟངས་སྟབས་ཀྱི་བར་དང་། གཟས་ཁ་ཕུད་སྟངས་ནས་ན་གཞོན་ཕོ་མོའི་བརྩེ་དུང་གི་གསང་རྒྱ་གྲོལ་ཐབས་དང་། གཡག་ཀོ་རློན་པ་རུ་གཏན་ཚིགས་ཀྱི་མནའ་བསྐྱལ་ནས་ཤག་པོ་སྒྲིག་སྟངས། འབྲོང་རྭའི་གཞུ་དང་གཡག་རྭའི་ལྕི་ཕུར་ལ་སོགས་པའི་བོད་ཀྱི་འཚོ་བ་རུ་འབྲོག་པ་དང་རོང་བའི་ཞིང་རྨོ་སྟངས་ཀྱི་བར་དུ་གཡག་ལ་ཁལ་བཀལ། འབྲི་ལ་འོ་མ་འཇོ། ཚོང་ལམ་བསྐྱེལ་འདྲེན་དང་ཚོང་ཟོག་ཐོན་བསྐྱེད་ཀྱི་བར་དུ་གཡག་གིས་མ་ཁྱབ་པ་ཞིག་གང་ན་ཡོད། མདོར་ན་དམག་ལ་གཡག་ཞོན་ནས་གཡུལ་བཏབ། གཞི་བདག་ལའང་གཡག་ཞོན་ཡོད་པས་བོད་གླེང་ན་ནོར་གནག་མ་གླེང་ཐབས་མེད་ཡིན།བོད་ཀྱི་ཤེས་རིག་ལོ་རྒྱུས་ཧྲིལ་བོར་ཕྱིར་བལྟས་ཤིག་བྱས་ན་བོད་ཀྱི་འཚོ་བའི་ཤེས་རིག་དང་ནོར་གནག་གཉིས་ཡ་མ་བྲལ་བར་ཡོང་བ་འདུག ཉེ་དུས་དཔའ་རིས་ཡུལ་ནས་རྙེད་པའི་ལི་མའི་ནོར་གནག་གིས་ཀྱང་མཚོན་ནུས། འཛམ་གླིང་ཤར་ནུབ་གང་གི་ལོ་རྒྱུས་ཚང་མ་ཡར་དེད་དེད་པའི་ཐ་མ་ལྷ་རུ་ཐུག་ཡོད་ལ། བོད་ཀྱི་ནོར་ནག་གི་ལོ་རྒྱུས་ཀྱང་ཡར་གཏུགས་གཏུགས་པའི་ཐ་མ་ཡར་ལུང་ཁོག་གི་གཞི་བདག་ཡར་ལྷ་ཤམ་པོ་དང་དེས་བཅིབས་པའི་སྲིད་པའི་བལ་འབྲོང་དཀར་པོ། དེ་དག་གནས་སའི་གངས་དཀར་ཏི་སེ་ཡིན་པས་ཆུ་མགོ་གངས་ལ་ཐུག་པ་བཞིན་བོད་ཀྱི་ཟས་གོས་གནས་མལ་དང་འདུ་ཤེས་དད་མོས་ལ་སོགས་པ་ནོར་གནག་དང་འབྲེལ་བ་ཡོད་པས་བློ་ཆུང་བདག་ལྟ་བུ་ཞིག་གིས་ཀྱང་བོད་པའི་འཚོ་བ་དང་རིག་གནས་ལ་མོས་གུས་དང་བཅས་ཏེ་ཐང་ག་དེ་ཕུལ་བ་ཡིན་པས་རྣམ་པ་ཚོས་ཐུགས་འཇགས་འཚལ།
འབྲིང་བ་བཀྲ་ཤིས་དོན་གྲུབ་ཀྱིས་བྲིས་པའི་༼དགའ་ལྷན་ལྷ་བརྒྱ་མ།༽
འབྲིང་བ་བཀྲ་ཤིས་དོན་གྲུབ་ཀྱིས་བྲིས་པའི་༼འབྲོག་གི་རྟེན་གཞི།༽
རི་མོ་བའི་སྐད་འཕྲིན་འབྲེལ་གནས།
雪域无添加藏式月饼
点击图片进入小程序了解
▼
点击图片进入小程序了解
▼
托岗高原黑青稞饼
点击图片可进入小程序了解
▼
往期文章
可点击图片阅读
▼
背着相机的牧人 ▎摄影师贡布才让
པར་ཆས་འཁུར་བའི་འབྲོག་པ། ▎པར་བ་མགོན་པོ་ཚེ་རིང་།
སྣམ་བུ་ཐིག་རིས་གོན་པར་དགའ་བའི་བོད། ▎གསང་བའི་“མིང་རྟགས།”
བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།
བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།
ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།
ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།
འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།
མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད།
བརྙན་པར་གྱི་མཛེས་སྡུག་གིས་བློ་དང་རག་པའི་གོ་རྟོགས་སད་དུ་བཅུག།གད་སྙིགས་བཏུས་ནས་དམངས་སྲོལ་བཤམས་སྟོན་ཁང་འཛུགས་མཁན།
从未见过的藏地民间收藏 ▎收废品到博物馆开创者
བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace